ནང་བསྟན་གསལ་བའི་མེ་ལོང་། དེབ་གསུམ་པ། འཇིགས་མེད་བསམ་གྲུབ་ཀྱིས་རྩོམ་སྒྲིག་བྱས། | ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། and THL
Copyright © 1999, 2011 by the authors.
Reproduced with permission from the authors under the THL Digital Text License. |
བཱཿགནས་དགོན་པའི་ལོ་རྒྱུས།
ཆགས་པའི་ཡུལ་ནི་སྔོན་ཇོ་བོ་བཀའ་བརྒྱུད་པའི་གདན་ས། བོད་རབ་བྱུང་དགུ་པའི་མཇུག་ས་རྟ་ལོར་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱི་སྐེ་སྤྲུལ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་དངོས་སློབ་ཨོ་རྒྱན་རིག་འཛིན་ཞེས་པ་དེས་ཤེས་རབ་དགོན་ཟེར་བའི་དགོན་ཆུང་ཞིག་བཏབ་པ་ཡིན། སྔ་འགྱུར་རྙིང་མའི་གདན་ས་བཱཿགནས་བསམ་གཏན་ཆོས་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་ལ། གུ་རུ་སྐུ་གསུང་ཐུགས་རྟེན་འཕྲིན་ལས་ལྔ་ཡི་གནས། ཁམས་ཀྱི་གནས་ལྔའི་ཡ་གྱལ། གུ་རུའི་གསུང་གིས་བྱིན་གྱིས་བརླབས་པའི་གསུང་བཱཿགནས་བསམ་གཏན་ཆོས་གླིང་ཞེས་ཡོངས་སུ་གྲགས། བཱཿགནས་ཟེར་དོན་ནི་ལོ་ཆེན་བཻ་རོའི་དབང་རྟེན་གྱི་གཟུང་མ་ཡིད་འཛིན་དབང་མོའམ་མཁའ་འགྲོ་སི་ཀ་སདྷི་བ་མོའི་གཟུགས་སུ་སྤྲུལ་བ་ཉིད་བ་ལངས་སུམ་མདོའི་གནས་དེ་ལས་ལངས་འོང་བས་ན་བ་ལངས་ཞེས་གྲགས་པ་ཡིན།
ཐོག་མར་ཕྱག་འདེབས་ཚུལ་ནི་སྔོན་གྱི་དུས་རྒྱལ་བ་ཀཱཿཐོག་པའི་དྲུང་རབས་བཅུ་གསུམ་སྤྱི་ལོ་༡༧༨༠ནང་ལ་བྱ་བྲལ་པདྨ་རྒྱལ་མཚན་ཞེས་པ་དེ་བླ་མའི་ལུང་བསྟན་མདོ་ཁམས་བཱཿགནས་ཞེས་གྲགས་པའི་ཕྱོགས་སུ་བསྟན་འགྲོའི་དོན་དུ་ཕེབས་ནས་ཆོས་སྡེ་བཏབ་པར་གྲགས། བཱཿགནས་སྤྲུལ་སྐུ་རང་གི་རིགས་ནི་ཉག་རོང་གི་ཡུལ་བཟང་རོང་ཞེས་པར་གོ་ཐེག་ཆེན་ལྷུན་གྲུབ་ནས་བྱུང་བའི་ཕྱག་མི་རིགས་གསུམ་ཡོད་དེ། ཕྱག་ཐེབས་ཕྲན། ཕྱག་མི་བདུན་རྣམས་ཡིན། དང་པོ་སྒ་ཆ་བླ་མ་ཚང་དང་། གཉིས་པ་ནི་གོ་ཡུས་གཉེར་པ་ཚང་ཡིན། གསུམ་པ་ནི་བཱཿགནས་ཚང་སྟེ་བཟོ་རིག་བདུན་ལ་མཁས་པས་ན་མི་བདུན་ཞེས་འོད་གསལ་ལྷ་ལས་ཆད་པའི་ཆོས་རྒྱལ་གྱི་གདུང་རྒྱུད་ཞིག་ཡིན་པར་གྲགས། བཱཿགནས་རིག་འཛིན་རྒྱ་མཚོ་ཞེས་སྐུ་ཕྲེང་ཐོག་མར་ཕྱོགས་པ་དེ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་སློབ་དཔོན་ཧཱུ་ཀ་ར་དང་། བོད་གངས་ཅན་ལྗོངས་ཀྱི་གཉགས་ཛྙ་ཀུ་མ་ར་དང་། ལོ་ཆེན་བཻ་རོ་གཅིག་བསྡུས་ཀྱི་སྤྲུ་པ་འདི་ཉིད་ཀྱིས་བྱ་བྲལ་པདྨ་རྒྱལ་མཚན་དང་གུ་རུ་རིག་འཛིན་སོགས་བླ་མར་བརྟེན་ནས་ཆོས་སྡེ་འདིའི་བསྟན་བདག་མཛད།
གདན་རབས་ནི་སྐུ་དེ་ཉིད་ཀྱི་ཡང་སྤྲུལ་ཐེག་མཆོག་པདྨ་བསྟན་འཛིན་རྟེན་རབ་བྱུང་དེ་སྐབས་གོང་[page 23] མའི་ལྷ་སྲས་བཅུ་བདུན་པ་དང་ཏཱ་ལའི་བདུན་པ་སྐལ་བཟང་རྒྱ་མཚོར་མཆོད་ཡོན་གཉིས་མགར་ཐར་དུ་ཞལ་འཛོམས་སྐབས། ཐེག་མཆོག་པདྨ་བསྟན་འཛིན་རྒྱལ་མཆོག་དེ་ཉིད་ཀྱི་མདུན་དུ་བསྙེན་པར་རྫོགས་ཏེ་སྐལ་བཟང་པདྨ་བསྟན་འཛིན་ཞེས་མཚན་གྱི་ཅོད་པན་བསྩལ། ལྷ་ས་ཐུབ་བསྟན་རྡོ་རྗེ་བྲག་རིག་འཛིན་སྐུ་འཕྲེང་ལྔ་པ་སྐལ་བཟང་དབང་ཕྱུག་གི་དངོས་སློབ་ཡིན་པས། ཆོས་ལུགས་སྔོན་ཆད་ཀཿཐོག་དགོན་ཡིན་མོད་ཀུང་སླར་རྡོ་རྗེ་བྲག་ཏུ་བསྒྱུར་བ་རེད། ཀཿཐོག་ཧོར་པོ་ཤཱཀྱ་རྒྱལ་མཚན་གྱིས་མཛད་པའི་ཐུན་མོང་སྔོན་འགྲོ་བློ་སྦྱོང་སྦྱོར་བ་བདུན་མ་ད་ལྟའང་འཚོགས་འདོན་བྱེད་སྲོལ་ཡོད། དེ་སྐབས་ཏཱ་ལའི་བླ་མ་ནས་མགར་ཐར་སྡེ་པ་ཚ་ཉག་སྨད་པའི་གྲྭ་ཡོངས་རྫོགས་བདག་རྐྱེན་བྱས་ཏེ་གནང་། དེའི་སྐུ་དྲིན་གསོ་ཆེད་བཞི་རྒོལ་མ་ཐུག་བར་དུ་རྟག་པར་ལོ་གསར་ཚེས་དུས་ཇ་འཁོར་གཅིག་དང་མཇལ་དར་ཞིག་མགར་ཐར་དགོན་པར་ཕུལ་སྲོལ་ཡོད།
བཤད་སྒྲུབ་ཀྱི་སྲོལ་ཚུགས་ཚུལ་ནི་དམ་པ་དེ་དག་གི་སྐུ་རིང་ལ་ཧོར་པོ་ཤཱཀྱ་རྒྱལ་མཚན་དང་བྱ་བྲལ་པདྨ་རྒྱལ་མཚན་རྣམ་གཉིས་ཀྱིས་ཞབས་ཀྱི་བཅགས་ནས་བློ་སྦྱོང་སྦྱོར་བ་བདུན་མ་སོགས་སློབ་ཁྲིད་མཛད། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དང་། སྐུ་སྲས་རིག་འཛིན་ངག་གི་དབང་པོ་རྣམ་གཉིས་ཀྱིས་དམ་ཆོས་དགོངས་པ་ཟང་ཐལ་གཙོས་བྱང་གཏེར་གྱི་དབང་ཁྲིད་ཟབ་རྒྱས་བསྩལ་བ་དང་། རིག་འཛིན་ཆེན་མོ་སྐལ་བཟང་པདྨ་དབང་ཕྱུག་དང་། རིག་འཛིན་ཁམས་གསུམ་ཟིལ་གནོན། རིག་འཛིན་ཆོས་དབང་ངག་གི་དབང་པོ་རྣམ་གཉིས་ཀྱི་དམ་ཆོས་དགོངས་པ་ཟང་ཐལ་གཙོས་བྱང་གཏར་གྱི་དབང་ཁྲིད་ཟབ་རྒྱས་བསྩལ་བ་དང་། རིག་འཛིན་ཆེན་མོ་སྐལ་བཟང་པདྨ་དབང་ཕྱུག་དང་། རིག་འཛིན་ཁམས་གསུམ་ཟིལ་གནོན། རིག་འཛིན་ཆོས་དབང་མཉམ་ཉིད་དེ་རྣམས་བྱོན་ནས་བྱང་གཏེར་གྱི་དབང་ལུང་ཁྲིད་གསུམ་དགྱེས་པར་གནང་། སྒྱུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་སྐུ་སྐྱེ་ཆུ་བཟང་རིན་པོ་ཆེ་དང་། རྒྱལ་སྲས་རིན་པོ་ཆེ་རྣམ་གཉིས་ཀྱང་འདིར་བྱོན་ནས་བྱང་གཏེར་གྱི་དབང་ལུང་ཅི་རིགས་ཞིག་གནང་། རྫ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་གདན་ས་འདིར་བྱོན་ནས། ཟབ་ཁྲིད་སོགས་དགྱེས་པ་གནང་།
སྐུ་གསུང་ཐུགས་རྟེན་ནི་སྐལ་བཟང་པདྨ་བསྟན་འཛིན་ནམ་མཚན་གཞན་ཚ་ཉག་ཤེས་རབ་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་དབུ་བླ་འཁོད་ནས། བརྒྱ་འབུལ་བྱས་པའི་སྐབས་སུ། སྐུ་གསུང་ཐུགས་རྟེན་ལས་སྐུ་རྟེན་ཇོ་བོ་གསེར་ཟངས་མ་ཐོག་བརྩེགས་གཅིག་ལ་མཉམ་པ་ཞིག་ད་ལྟའང་བཞུགས། གསུང་རྟེན་རྒྱལ་བའི་བཀའ་བསྟན། ཨ་ལོ་ཀེ་ཤོག་ལ་མཚལ་སྤར་བྱས་པ་ཆ་གཅིག་ཕུལ། སྨན་སྐུ། མཁན་སློབ་ཆོས་གསུམ། སྤྱན་རས་གཟིགས་ཀྱི་སྐུ་གཉིས། གུ་རུའི་སྐུ། བྱེ་མ་ཨ་འགྲུང་ལས་གྲུབ་པའི་གསུང་འབྱོན་གཅིག ཇོ་བོ་ཐུབ་དབང་གི་སྐུ། གནས་བརྟན་བཅུ་དྲུག་སོགས་དང་། བླ་སྐུ་འགའ་ཤས་ཀྱང་བཞུགས། གཞན་བྱམས་ཁང་ནང་བྱམས་པ་ཐོག་བརྩེགས་གཉིས་པ་ཅན་གཙོས་པའི་ཉེ་སྲས་བརྒྱད། རྡོ་རྗེ་འཆང་། འོད་དཔག་མེད། བཅུ་གཅིག་ཞལ་སོགས་བཞུགས། གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཚར་གཉིས། བསྟན་བཅོས་དང་གསེར་དངུལ་ལས་བྲིས་པའི་འབུམ་ཆ་གསུམ། སྐལ་བཟང་གཅིག བརྒྱད་སྟོང་སུམ་ཕབ་གཅིག རྙིང་མའི་རྒྱུད་འབུམ། སྙིང་ཐིག་ཡ་བཞི། དུམ་གཉིས། མཛོད་བདུན། རིན་ཆེན་གཏེར་[page 24] མཛོད། བཀའ་མ། ལྷག་པར་དུ་བྱང་གཏེར་གྱི་དམ་ཆོས་དགོངས་པ་ཟང་ཐལ་གཙོས་པའི་དབང་ཁྲིད་སྒྲུབ་སྐོར་སོགས་ཆོས་སྐོར་ཡོངས་རྫོགས་བཞུགས། ཁྲོ་ཟིའི་ཆོས་སྐོར་ཆ་ཚང་། ས་སྐྱ་དང་རྙིང་ཕྱོགས་ཀྱི་བཀའ་འབུམ། རྣམ་ཐར་གྱི་སྐོར། རྩིས་དང་སྙན་ངག་སྒྲ་ཚད་སོགས་དཔེ་ཆའི་སྐོར་མང་དུ་བཞུགས། ཐུགས་རྟེན་ཐད་ལ་ཟངས་གསེར་ལས་བྱས་པའི་རིག་འཛིན་རྒྱ་མཚོའི་གདུང་རྟེན་མུ་ཏིག་དང་གཡུ་བྱུར་གྱི་ཁྲ་རྒྱན་ཅན་ཞིག བླ་མ་རྒྱ་མཚོའི་གདུང་རྟེན་ཟངས་ཟངས་གསེར་ལས་བྱས་པ་དང་གཡུ་བྱུར་གྱི་ཁྲ་རྒྱན་ཅན་ཞིག་སྡེ་དགེ་རྫོང་དམར་སྐུ་ཞབས་ཀྱི་གདུང་རྟེན་ཟངས་གསེར་ལས་གྲུབ་ཅིང་ཕ་ལམ་དང་། གཟི། གཡུ་བྱུར་སོགས་ཀྱིས་སྤྲས་པའི་སྤུས་ལྡན་གཅིག གོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གདུང་རྟེན་གསེར་ཟངས་ཅན་ལ་ཕ་ལམ་དང་གཟི་བྱུར་མུ་མིན་སོགས་ཀྱིས་བརྒྱན་པའི་བྱིན་ལྡན་གཅིག བཱཿགནས་སྐུ་ཕྲེང་ལྔ་པའི་གདུང་རྟེན་ཟངས་གསེར་ཅན་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཞིག དེ་རྣམས་ལས་མཐོ་ཤོས་སུ་ཁྲེ་ཙེ་ལྔ་དང་དམའ་ཤོས་ཀྱང་ཁྲེ་ཙེ་བཞི་རེ་ཡོད། གཞན་སྐུ་ཕྲེང་རིམ་བྱོན་གྱི་གདུན་རྟེན་ཡང་བཞུགས།
དུས་མཆོད་རྒྱུན་སྲོལ་སྐོར་ལ་སྔ་འགྱུར་རྙིང་མའི་གདན་ས་ཐུབ་བསྟན་རྡོ་རྗེ་བྲག་ཨཾ་ཝམ་ལྕོག་སྒམ་གྱི་མཆོག་གི་སྤྲུལ་སྐུ་རིག་འཛིན་རྒོད་ལྡེམ་རྗེས་ཟང་ཟིང་ལྷ་བྲག་ནས་གཏེར་བྱོན་ཆོས་ཚན་ལྔ་བརྒྱ་ཡན་ལག་དང་བཅས་པ་སྤྱན་དྲངས་པ་འདི། ད་ལྟའི་བར་རིམ་པར་དར་བ་ལ་བྱ་གཏེར་ཞེས་གྲགས་པ་ནི་འདུས་སྡེ་འདིའི་ཉམས་བཞེས་ཀྱི་ཆོས་བཀའ་གཙོ་བོ་ཡིན། རྙིང་ཕྱོགས་ལ་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ་བོར་མཛད་པ་ལྟར་ཟླ་དང་པོའི་ཚེས་བཞི་ནས་གཉིས་པའི་ཚེས་བཞི་བར་གྲྭ་ཡོངས་རྫོགས་ཟླ་གཅིག་ལ་མཚམས་སྒྲུབ་བཞུགས་དགོས། ཟླ་གསུམ་པ་ནང་གུ་རུ་གྲགས་མཐིང་དང་བླ་མ་མཆོད་པ་ཉིན་དྲུག་འཚོགས་དགོས། ཟླ་གསུམ་པའི་པའི་ཚེས་བཅོ་ལྔ་ནས་མཆོད་བཞེངས་ཟླ་ཕྱེད་བྱས་ནས་ཟླ་བ་བཞི་པའི་ཚེས་གཅིག་ནས་ཚོགས་ཐིག་རྡུལ་མཚོན་སོགས་དངོས་གཞི་སྒྲུབ་པའི་ལྟ་གོན་ཆ་ཚང་བཅས་ཉིན་བཅོ་ལྔ་འཚོགས་ནས་ཚེས་བཅུར་གར་འཆམ་ཟབ་རྒྱས་ཡོད། བོད་ཟླ་དྲུག་པའི་ཚེས་གཅིག་ནས་མ་ཎི་འབུམ་སྒྲུབ་ལྟ་གོམ་བཅས་ཉིན་བཅུ་ཡོད། བོད་ཟླ་དྲུག་པའི་ཚེས་བཅུ་བཞི་ནས་དབྱར་གནས་ཟླ་གཅིག་ཕྱེད་འཚོག་དགོས། ཟླ་བ་བཅུ་གཅིག་པའི་ནང་དགུན་ཆོས་ཀརྨ་གླིང་པའི་ཐར་གྲོལ་ཉིན་བཅུ་འཚོག་དགོས།
ཡོན་གྱི་འབྱུང་ཁུངས་དང་འགན་བཞེས་པའི་གོ་རིམ་ནི་དམུ་འཛི་གཤམ་ཞེས་པའི་ས་ཁུལ་དུ་ནས་འབོག་སུམ་བརྒྱ་ལྷག་ཙམ་གྱི་ས་ཞིང་། རྒྱ་སྡེ་བོད་སྡེ་ནོར་པ་གསུམ་གྱིས་འཚོ་བའི་མཐུ་རྐྱེན་སྦྱོར་བར་བརྟེན་ནས་བཞི་རྒོལ་ལ་མ་ཐུག་བར་དུ་གནས་པ་ཡིན།
དགོན་སྡེ་འདིའི་འགན་བཞེས་པའི་གོ་རིམ་ནི་རིག་འཛིན་རྒྱ་མཚོའི་སྐུ་ཕྲེང་རིམ་བྱོན་གཙོས་པའི་དབོན་སྔགས་ཀྱི་སྐྱེ་སྤྲུལ་གྱིས་བསྟན་བདག་གི་འགན་བཞེས། དེ་འགོ་སྡེ་གསུམ་གྱི་རྒན་ཆེན་གསུམ་དང་དགེ་སྐོས་གཉིས། དབུ་མཛད་བཅས་ལྔ་ནས་འགན་བཞེས།
[page 25] དེང་གི་གནས་ཚུལ་ནི། གསར་དུ་ཉམས་གསོ་བཞེས་པའི་བཱཿགནས་དགོན་པའི་འདུ་ཁང་ཀ་ཐག་སུམ་བཅུ་སོ་གསུམ། བྱམས་ཁང་ལ་ཀ་ཐག་དགུ དུང་འཁོར་ཀ་ཐག་དགུ། གཉེར་ཁང་ཀ་ཐག་བཅུ་བཞི་བཅས་ཕྱིའི་རྣམ་པ་དེ་འདྲ་ཞིག་གྲུབ་ཙམ་དུ་གནས། ནང་དུ་གསེར་ཟངས་ཀྱི་ཇོ་བོ་ཐོག་བརྩེགས་གཅིག མཐོ་བའི་ཆོས་རྒྱལ་བསྟན་པ་ཚེ་རིང་ནས་གནངས་བ་ད་ལྟའང་བཞུགས། གཞན་སྨན་སྐུ་སོགས་ལྷ་ཆེན་བཅུ་ལྷག་བཞུགས། རྒྱལ་བའི་བཀའ་གྱུར་ཚར་གཉིས། བསྟན་བཅོས་ཚར་གཅིག བཀའ་མ་གླེགས་བམ་ལྔ་བཅུ་ལྷག་གཏེར་མཛོད་པོད་བརྒྱ་ལྷག སྤ་སྤྲུལ་བཀའ་འབུམ། མཛོད་བདུན་སོགས་དཔེ་ཆའི་བསྐོར་བཞུགས། གཞན་ཡང་དམ་ཆོས་དགོངས་པ་ཟང་ཐལ་སོགས་བྱང་གཏེར་གྱི་ཆོས་བསྐོར་བ་དང་། སྒྱུ་མའི་བེའུ་བུམ་སོགས། འབུམ་གསེར་དངུལ་ལས་བྲིས་པ་ཆ་གཅིག བརྒྱད་སྟོང་སུམ་ཕབ་གཅིག་བཅས་བཞུགས། མཆོད་ཆས་བསྐོར་ལ་རོལ་མོ་སིལ་སྙན་ཆ་བཅུ་དྲུག ཁར་རྔ། དུང་དཀར། རྒྱ་གླིང་། དུང་དམར། སྤོས་ཕོར། བུམ་པ། སྨན་རག གའུ་མ། བདུན་ཚར། རྐོང་བུ་སོགས་ཆ་ལྡན་བཞུགས། དུས་མཆོད་ཀྱང་དགུན་བཅའ་ཟླ་དང་པོར་ཚེས་བཅུ་ཉིན་བཅུ་དྲུག དགུན་ཆོས་ཉིན་བཅུ་གཉིས་བཅས་ཚོགས་སྲོལ་ཡོད། སྤྲུལ་སྐུ་གཅིག མཁན་པོ་ཁྲི་པ་སོགས་གྲྭ་ཁྱོན་བཞི་བཅུ་ཞེ་དྲུག་བཞུགས།
![]() | ![]() | ![]() |


